Aum Delek Su Gyur Chig

བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་དང་ངོ་བོ་དབྱེར་མ་མཆིས་པ། དྲིན་ཆེན་རྩ་བའི་བླ་མ། རྒྱལ་བ་ཐམས་ཅད་མཁྱེན་པ། དོན་གྱི་སླད་དུ་མཚན་ནས་སྨྲོས་ན་བདག་གི་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ཞབས་ཀྱི་པདྨོར་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་དང་གནས་སྐབས་ཐམས་ཅད་དུ་རྗེས་སུ་བཟུང་ཞིང་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་སྩལ་དུ་གསོལ། །
ཇི་སྐད་དུའང་། དགེ་བཤེས་འབྲོམ་གྱིས།
སྙིགས་དུས་སྐྱེ་བོ་དམུས་ལོང་ལྟ་བུ་རྣམས། །དམ་མིན་དགེ་བའི་བཤེས་འདྲས་རྗེས་བཟུང་སྟེ། །འཁོར་བའི་གཅོང་རོང་གནས་ནས་འདྲེན་མེད་རྣམས། །ཐུགས་རྗེའི་ལྕགས་ཀྱུས་མྱུར་དུ་དྲང་དུ་གསོལ། །ཞེས་དང་།
དུས་དང་གནས་སྐབས་དག་ནི་ཐམས་ཅད་དུ། །དམ་པ་ཁྱོད་ནི་བདག་གི་མགོན་ལགས་ཀྱི། །མངོན་པར་རྫོགས་པར་མྱུར་དུ་འཚང་རྒྱ་འགྱུར། །ཐོས་བསམ་སྒོམ་གསུམ་བདག་ལ་སྩལ་དུ་གསོལ། ། ཞེས་སོགས་གསོལ་འདེབས་སྔོན་དུ་བཏང་ནས་སྐབས་ཀྱི་ཞུ་བྱར།
༡༽ ཕྱི་ལོ་ ༢༠༡༣ ལོ་ནས་ད་བར་ ༧ སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་དང་། ༧ སྐྱབས་རྗེ་ཨཀྱཱ་རིན་པོ་ཆེ་མཆོག ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྒན་ངག་དབང་གྲགས་པ་སོགས་ཀྱི་གཡོ་བ་མེད་པའི་ཐུགས་རྗེས། དམ་པའི་ལྷ་ཆོས་དང་། འཇིག་རྟེན་མི་ཆོས་གང་ཐད་ནས་སེར་བྱེས་དགེ་རྩ་ཚོགས་པར་དངོས་ཤུགས་བརྒྱུད་གསུམ་ནས་གཟིགས་པ་ཆེན་པོས་བྱིན་རླབས་ཟམ་མ་ཆད་པ་གནང་བར་བཀྲིན་དང་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། སླད་མར་ཡང་བསྟན་འགྲོ་སྤྱི་བྱེའི་མགོན་དཔུང་དམ་པར་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་སྨོན་ལམ་ཞུ།
༢༽ འཇམ་མགོན་བསྟན་པའི་མཛེས་རྒྱན་ ༧ སྐྱབས་རྗེ་ཨཀྱཱ་རིན་པོ་ཆེ་མཆོག་ནས་ད་བར་སེར་བྱེས་དགེ་རྩ་ཚོགས་པའི་ཚོགས་གཙོ་དང་།
གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོའི་སྐབས་ཀྱི་དགེ་ལུགས་སྤྱི་འཐུས་དང་། སེར་བྱེས་སློབ་གྲྭར་བྱས་པ་ཅན་གྱི་སློབ་སྤྱི་ཟུར་པ། མཁས་དབང་བསྟན་འཛིན་ཤེས་རབ་ལགས་ནས་ད་བར་སེར་བྱེས་དགེ་རྩ་ཚོགས་པའི་ཚོགས་གཞོན་གྱི་མཛད་འགན་བཞེས་རོགས་མཛད་པ་སོགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་མཟད།
ཕྱི་ལོ་ ༢༠༡༣ ལོ་ནས་ད་བར་གྱི་སེར་བྱེས་དགེ་རྩ་ཚོགས་པའི་རྒྱུན་ལས་ལས་ཟུར་རྣམས་དང་ཆེད་ཕེབས་གྲྭ་ཚང་གི་དགེ་འདུན་པ་ཡོངས་ལ་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
༣༽ སེར་བྱེས་གྲྭ་རྒྱུན་སྦས་པའི་རྣལ་འབྱོར་པ་མཁས་དབང་བློ་བཟང་རྒྱལ་མཚན་ཤསྟྲི་ལགས་ནས་སཾསྐྲིཏ་དང་། ཧིན་དྷུ། དབྱིན་ཇི་སོགས་ཀྱི་སྐད་སྒྱུར་རོགས་ཕན་ཙམ་མ་ཟད། གཞུང་ལུགས་རབ་འབྱམས་ལ་གོ་རིགས་འཕེལ་བར་ཡང་ཕན་པ་རྒྱ་ཆེར་བྱུང་བས་ཡི་རང་དང་བཅས་ཚེ་རབས་ཀུན་ཏུ་གྲོགས་བཟང་འདི་དང་འདི་ལྟ་བུར་འགྲོགས་འདྲིས་ཀྱི་སྐལ་བཟང་ནམ་ཡང་ཡོང་བའི་རེ་སྨོན་ཞུ་བཞིན་ཡོད།
མཐའ་དོན། ༧ སྐྱབས་མགོན་རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་གི་བཀའ་དགོངས་ལྟར་ ༢༠༡༣ ལོ་ནས་སེར་བྱེས་དགེ་རྩ་ཚོགས་པས་བསྟན་འགྲོ་སྤྱི་བྱེར་སྨན་པའི་ལས་དོན་མི་ཉུང་བ་བསྒྲུབས་ཡོད་པར་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་གནང་མཁན་ས་གནས་ཀྱི་བརྩེ་བའི་ཆོས་གྲོགས་རྣམས་ཀྱི་གཙོས་ཆོས་གྲོགས་སེར་སྐྱ་ཡོངས་སུ་རྫོགས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། རང་གཞན་སྐྱེ་འཕགས་ཡོངས་ཀྱི་དུས་གསུམ་གྱི་དགེ་བའི་རྩ་བ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས་ ༧ སྐྱབས་མགོན་རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་དྲག་དང་བཅས་།
བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས། །བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང་། །ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི། །བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ཤོག །
ཅེས་དང་།
དེ་ལྟར་ལམ་བཟང་སྟོན་པའི་བཤེས་གཉེན་དང་། །ཚུལ་བཞིན་སྒྲུབ་པའི་གྲོགས་རྣམས་ཞབས་བརྟན་ཅིང་། །ཕྱི་དང་ནང་གི་བར་དུ་གཅོད་པའི་ཚོགས། །ཉེ་བར་ཞི་བར་བྱིན་གྱིས་བརླབས་ཏུ་གསོལ། །
ཞེས་དང་།
སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །
ཅེས་སོགས་བསྔོ་བ་སྨོན་ལམ་དང་བཅས། སེར་བྱེས་དགེ་རྩ་ཚོགས་པའི་ཆེད་བློས་བཏང་གང་མང་བྱས་མྱོང་བའི་སེར་བྱེས་ཏྲེ་ཧོར་དགེ་བཤེས་བློ་བཟང་རྡོ་རྗེར་འབོད་པས། ༢༠༢༢/༤/༡༤ ཉིན། ཛ་ཡནྟུ།

Tour Group 2015/2016

Tour Group 2014

Tour Group 2013

2021

2014

2022

2013

2022

2021

2022